Sunday, September 30, 2012

རི་དྭགས་སྲུང་སྐྱོབས་ཀྱི་དོན་ལུ་ ངལ་བ་དང་བླངས་ཀྱི་ རྒྱབ་སྐྱོར་ངོ་མ་ར་ ག་གིས་འབད་དོ་ག?

ན་འཐན་དབྱེ་དཔྱད་ཐོག་ བསམ་ཞིབ་འབད་བ་ཅིན་ རི་དྭགས་སྲུང་སྐྱོབས་ཀྱི་དོན་ལུ་ ངལ་བ་དང་བླངས་ཀྱི་ དཀའ་ཐུབ་དེ་ གཡུས་མི་སོ་ནམ་ཞིང་པ་ཚུ་གིས་འབག་སྟེ་ རྒྱབ་སྐྱོར་སྒྲིང་སྒྲིང་འབད་དེ་ གྲུབ་འབྲས་ཐོན་མི་དེ་ ངོ་བཏོན་ཐོག་ ཆེ་བསྟོད་ག་ར་ རྒྱལ་ཡོངས་དང་རྒྱལ་སྤྱིའི་ རི་དྭགས་སྲུང་སྐྱོབས་དང་འབྲེལ་བའི་ གཙུག་སྡེ་ཚུ་གིས་ འབག་དོ་བཟུམ་ཅིག་ མཐོངམ་ཨིན་པས།
curtsy: Climate Himalaya


༉ མ་གཞི་ མི་དང་རི་དྭགས་སེམས་ཅན་གྱི་བར་ནའི་ སྦྲེལ་ཟིང་གི་གནས་སྟངས་དེ་ འཁོར་བ་རིགས་དྲུག་ནང་འཁྱམས་མི་ སྐྱེས་འགྲོའི་གནས་སྟངས་ཀྱི་ རང་བཞིན་ཅིག་ཨིན་རུང་ ས་གནས་ཚུ་ནང་ གཙོ་བོ་ཆེ་ཤོས་ར་ རི་དྭགས་ཚུ་དང་ གཡུས་མི་ཚུ་གི་བར་ན་བྱུངམ་ཨིན་པས།

གལ་སྲིད་རྒྱལ་ཡོངས་དང་ རྒྱལ་སྤྱིའི་རི་དྭགས་སྲུང་སྐྱོབས་ཀྱི་ སྲིད་བྱུས་ཁྲིམས་ལུགས་ཚུ་མེད་པ་ཅིན་ དཀའ་ངལ་དེ་ བསལ་ཐབས་སོ་ནམ་ཞིང་པ་ཚུ་གི་ལག་པར་འོང་ནི་ཨིན་པས།

དེ་འབདཝ་ད་ ཉམ་ཆུང་ གཡུས་མི་ཚུ་གིས་ ཁོང་ར་ལུ་ཕན་ཐབས་དང་ ལྷན་ཐབས་ཀྱི་གནས་སྟངས་ཅིག་ ག་ནི་ཡང་མེད་དེ་འབད་རུང་ རི་དྭགས་སྲུང་སྐྱོབས་ཀྱི་ལམ་ལུགས་ལུ་གནས་ཐོག་ལས་ ཁོང་རའི་འཚོ་ཐབས་ཀྱི་རྒྱུ་ནོར་གཙོ་ཅན་གྱི་ སྒོ་ནོར་དང་ ལོ་ཐོག་ཚུ་ལུ་ གནོད་པ་ག་དེ་སྦེ་བྱུང་རུང་ ད་ཚུན་དྲག་དབང་གི་གདེང་ལན་འབད་མི་མ་ཐོན་པར་ ངལ་རངས་དགོ་པའི་ ཞི་གནད་ཅིག་ཨིན།


རི་དྭགས་སྲུང་སྐྱོབས་ཀྱི་ཁྲིམས་ལུགས་ཚུ་ ཁོང་མི་སེར་ཉམ་ཆུང་ཚུ་ལུ་ བཅའ་ཁྲིམས་བཀོད་ཐོག་ལས་ དེ་གི་འོག་ལུ་མ་སྡོད་ཐབས་མེད་བཟོཝ་ལས་ ཁོང་རའི་འཚོ་བའི་གནས་སྟངས་ལུ་ དཀའ་ངལ་གྱི་གནས་སྟངས་ག་དེ་སྦེ་ཐོན་རུང་ ཁྲིམས་ལུགས་ལུ་གནས་ཐོག་ལས་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན།

དེ་འབདཝ་ད་ ཕྱིའི་རི་དྭགས་སྲུང་སྐྱོབས་ལུ་གཙོ་བོར་བཏོན་མི་ གཙུག་སྡེ་ཚུ་དང་ ནང་འཁོད་ཀྱི་གཙུག་སྡེ་ཆ་མཉམ་གྱིས་ གཡུས་མི་ཚུ་རི་དྭགས་ཀྱི་དཀའ་ལུ་བརྟེན་ ཉམ་ཐག་སྡོདཔ་ད་ གཡུས་མི་ཚུ་གི་ཁ་ཐུག་ལས་ རྒྱབ་སྐྱོར་དེ་ཅིག་འབད་མི་ལུ་ ཡིད་ཆེ་ངལ་རངས་ཐོག་ ལྷན་ཐབས་ཀྱིས་གྲོགས་རམ་དང་ ལས་རིམ་ཚུ་ལུ་རྒྱབ་སྐྱོར་འབད་ནི་ཕར་བཞག་ ལྟདམོ་བལྟ་སྡོད་དེ་ ཕན་ཐབས་མ་དངུལ་གྱི་ཐད་ལུ་ ཞིབ་འཚོལ་འབད་མི་ཚུ་ལུ་མ་གཏོགས་ དཔེར་ན་ སོ་ནམ་ཞིང་པའི་སྒོ་ནོར་བསད་མི་གི་ རྒུད་འཐུས་བཏབ་ནི་གི་དོན་ལུ་ རོགས་རམ་བྱིན་མི་ཅིག་ད་ཚུན་ གངམ་ཐོན་ཡོད་པའི་ ལོ་རྒྱུས་མེདཔ་མ་ཚད་ གལ་སྲིད་རི་དྭགས་ཉམས་སྲུང་ལེགས་ཤོམ་མ་འགྱོ་བ་ཅིན་ ཁ་ཉེས་སྐྱོན་བརྗོད་འབད་ཆོག་ཆོག་སྦེ་སྡོད་པའི་ མངོན་གསལ་བྱུངམ་ཨིན་པས།

དེ་ཡང་དཔེར་ན་ གཡུས་མི་ཚུ་གི་ ལོ་ཐོག་དང་ སྒོ་ནོར་ཚུ་ལུ་ རི་དྭགས་ཀྱིས་གནོདཔ་བཀལ་མི་ཚུ་ལུ་ འབྲུག་གི་རི་དྭགས་སྲུང་སྐྱོབས་ལས་སྡེ་ཚུ་གིས་ རྒུད་འཐུས་བྱིན་མ་ཚུགས་པར་ ཐབས་ལམ་འཚོལ་ཞིབ་འབདཝ་ཨིན་རུང་ རྒྱལ་སྤྱིའི་གཙུག་སྡེ་ རི་དྭགས་ཉམས་སྲུང་གི་དོན་ལུ་ ང་མཁས་ང་དྲགས་ཟེར་མི་ཚུ་གིས་ཡང་ རྒུད་འཐུས་ཀྱི་དོན་ལུ་ ཡུན་བརྟན་གྱི་གྲོགས་རམ་ཅིག་འབད་མི་ ད་ལྟོའི་བར་ན་ཡང་ ཐོན་མི་མེདཔ་ཨིན་པས།

མ་གཞི་ སེམས་ཅན་སྟག་བཞུམ་ཅིག་ལུ་ཆ་བཞག་པ་ཅིན་ འབྲུག་གི་ཁྱིམ་ཚང་རྒྱལ་ཁབ་ཚུ་ནང་ གོང་འཕེལ་གྱི་གནས་རིམ་རྒྱ་ཆེཝ་ལས་ སེམས་ཅན་ཚུ་གི་འཁྱམས་ས་མེད་པར་ འབྲུག་གི་ནགས་ཚལ་ཚུ་ནང་ འོང་དོ་ཡོད་པའི་མངོན་གསལ་ཡོད་པའི་ཁར་ དཀའ་ངལ་ཅན་གྱི་རི་དྭགས་ཉམས་སྲུང་དེ་ འབྲུག་ལུ་འགན་ཁ་སྤྲོད་དེ་ གཞན་མི་རྒྱལ་ཁབ་ཚུ་ དཔལ་འབྱོར་གོང་འཕེལ་ལུ་གཙོ་བོར་སྟོན་ནི་གི་ འཆར་གཞི་ཨིནམ་བཟུམ་མའི་ འཚོར་སྣང་ཡང་ཤརཝ་ཨིན་པས།

ཁྲིམས་ལུ་གཞི་བཞག་པ་ཅིན་ རི་དྭགས་ལུ་གནོདཔ་བཀལ་བ་ཅིན་ ཁྲིམས་འགལ་དང་ གཡུས་མི་ཅིག་གི་ འཚོ་སྐྱོང་གི་གཙོ་ཅན་ སྒོ་ནོར་ལུ་གནོདཔ་བཀལ་བ་ཅིན་ བྱ་ཐབས་མེད་པའི་ རང་བཞིན་ཨིནམ་སྦེ་ བཞག་མི་དེ་ འོས་ལྡན་འདུག་ག?

གཡུས་མི་ཚུ་སྒོ་ནོར་ལུ་འཕང་ སྒོ་ནོར་ཁག་ཆེ་ དེ་འབད་ནི་དེ་གིས་ སྒོ་ནོར་དང་ ལོ་ཐོག་དེ་རང་གི་སྲོག་ཡང་གདོང་ཁར་བཙུགས་སྟེ་ སྲུང་སྐྱོབས་འབདཝ་ཨིན་ དེ་བཟུམ་སྦེ་ རི་དྭགས་ལུ་དགའ་མི་ཚུ་ལུ་ རི་དྭགས་ཁག་ཆེ་ རི་དྭགས་སྲུང་སྐྱོབས་ཀྱི་དོན་ལུ་ རང་སྲོག་ཨིན་རུང་ གདོང་ཁར་བཙུགས་སྟེ་ བརྩོན་ཤུགས་བསྐྱེདཔ་ཨིན།

གཡུས་མི་ཚུ་གི་ རི་དྭགས་ལུ་གནོདཔ་བཀལ་ཏེ་འབད་བ་ཅིན་ ཁྲིམས་མཐུན་གྱི་རྒུད་འཐུས་དང་ ཁྲིམས་འགེལ་གྱི་ཉེས་བྱ་ཕོག་ནི་ཡོད་དོ་བཟུམ་སྦེ་ར་ རི་དྭགས་ཀྱིས་ གཡུས་ཁའི་སྒོ་ནོར་དང་ལོ་ཐོག་ལུ་གནོདཔ་བཀལ་བ་ཅིན་ རི་དྭགས་སྲུང་སྐྱོབས་སྡེ་ཚན་ཚུ་ལུ་ གཡུས་མི་དེ་གི་ ཉམས་རྒུད་ཀྱི་འགན་ཁྲི་ཕོག་དགོ་པའི་ཁར་ ཁོང་གིས་རྒུད་འཐུས་ཚུལ་མཐུན་སྤྲོད་དགོ་པའི་ ཁྲིམས་ཀྱི་དོན་ཚན་ནང་ཚུད་དགོཔ་ཡོད་པའི་ཁར རྩ་ཁྲིམས་ཀྱི་དགོངས་དོན་ལས་འབད་རུང་ རང་དབང་གི་ ཐོབ་དབང་འདུག་ཟེར་མནོཝ་ཨིན་པས།


མདོར་ན་ རྒྱལ་ཡོངས་དང་རྒྱལ་སྤྱི་རི་དྭགས་སྲུང་སྐྱོབས་ལས་སྡེ་ཚུ་གིས་ རི་དྭགས་སྲུང་སྐྱོབས་དེ་ གཙོ་རིམ་ཐོག་ ཁག་ཆེ་བའི་གསལ་བཤད་རྒྱ་སྟོང་ཁྲི་ཕྲག་ལས་བཅད་དེ་འབདཝ་ཨིན་རུང་ གཡུས་མི་རི་དྭགས་སྲུང་སྐྱོབས་ལུ་ རྒྱབ་སྐྱོར་ཐོག་ ངལ་བ་དང་བླངས་འབད་མི་ཚུ་གི་ སྐྱིད་སྡུག་དེ་ ག་གིས་ཡང་ བསལ་ཐབས་འབད་ནི་གི་ ལོ་རྒྱུས་ཐོན་མི་མེད་མི་དེ་ ཧ་ཀྱང་གིས་ ཡིད་སྐྱོ་བའི་གནས་སྟངས་ཅིག་ཨིནམ་ལས་ སྒོ་ནོར་ལུ་གཙོ་བོར་སྟོན་མི་ཅིག་ལུ་ རི་དྭགས་སྲུང་སྐྱོབས་ལུ་དགའ་མི་ཅིག་གི་ ལཱ་འགན་དེ་སྦེ་སྤྲོད་མི་དེ་ བཙན་དབང་ཐོག་ཨིནམ་པའི་ སྣ་འཆར་བཀོདཔ་ཨིན།




No comments:

Post a Comment