Thursday, September 27, 2012

རྐང་འགྲུལ་པའི་ཉིནམ་དེ་ སྲིད་འབྲེལ་དོན་ཚན་ལུ་འགྱུར་བའི་ གནས་སྟངས?


པར་: ཨིནསི་ཏ་ བོལོཀསི། (curtsy:instablogs)

༉   རེས་གཟའ་ལྷགཔ་ལུ་ རྐང་འགྲུལ་པའི་ཉིནམ་གི་ལས་རིམ་དེ་ འགོ་བཙུགས་པའི་ཉིནམ་ལས་ཚུར་ར་ མི་མང་གི་སེམས་ཁར་ དུས་བྲེལ་མེད་པར་ གནས་དོ་ཡོད་པའི་མཐོང་གསལ་བྱུངམ་ཨིན་པས།

དེ་ཡང་ ལ་ལུ་གིས་རྐང་འགྲུལ་པའི་ཉིནམ་དེ་ ལྟ་བ་ཡང་དག་གི་ ཐབས་ལམ་ཅིག་ཨིན་པའི་རྒྱབ་སྐྱོར་འབད་དོ་ཡོད་པའི་ཁར་ དེ་དང་ཅོག་ཐདཔ་སྦེ་ རྒྱབ་འགལ་གྱི་ སྐྱོན་བརྗོད་འབད་མི་ཡང་ ལེ་ཤ་ར་ཡོདཔ་ལས་ ལས་རིམ་དེ་ལུ་ མི་མང་གི་ བསམ་ཚུལ་འདྲ་མིན་ཡོད་པའི་ མཐོང་གསལ་བྱུངམ་ཨིན་པས།

ད་རུང་ འཕྲལ་ཁམས་ཀྱི་གནས་སྟངས་ནང་ དམངས་གཙོ་ཅན་གྱི་ སྤྱི་ཚོགས་གསར་པའི་ བཙག་འཐུ་ཡང་ སྦོ་ལོགས་ཁར་དཔག་ཡོདཔ་ལས་ རྐང་འགྲུལ་པའི་ཉིནམ་དེ་ སྲིད་ཚོགས་དང་ སྲིད་དོན་པ་ཚུ་གི་དོན་ལུ་ མི་མང་གི་ཚོགས་རྒྱན་རྒྱབ་སྐྱོར་ལེན་ཐབས་ཀྱི་ གསང་བའི་ལག་ཆ་ཅིག་ལུ་འགྱུར་དོ་བཟུམ་མའི་ མཐོང་གསལ་བྱུངམ་ཨིན་པས།

དེ་སྦེ་ མཐོང་གསལ་བྱུང་མི་གི་གནད་དོན་དེ་ཡང་ རྒྱལ་ཡོངས་རང་བཞིན་སྲུང་སྐྱོབ་ལྷན་ཚོགས་ནང་ སྲིད་ཚོགས་འགོ་ཁྲིདཔ་ལ་ལུ་གིས་ རྐང་འགྲུལ་པའི་ཉིནམ་དང་འབྲེལ་བའི་ བརྡ་དོན་མཁོ་བཀོད་འབད་བར་ལྷོད་ཡོད་པའི་ལོ་རྒྱུས་ཡོདཔ་མ་ཚད་ རྐང་འགྲུལ་པའི་ཉིནམ་དེ་དང་འབྲེལ་བའི་སྙན་ཞུ་དེ་ བསྐུལ་གྲགས་ཀྱི་སྐབས་ལུ་ ལག་ལེན་འཐབ་ནི་ཟེར་བའི་ དང་འདོད་ཚུ་ཡང་སྦ་གསང་མེད་པར་ ལྷན་ཚོགས་ཀྱི་འགོ་དཔོན་ཚུ་ལུ་ བཤད་ཡོད་པའི་ལོ་རྒྱུས་ཡང་འདུག།

དེ་བཟུམ་མའི་ སྲིད་འབྲེལ་གྱི་གྲོས་དང་བསྟུན་པ་ཅིན་ རྐང་འགྲུལ་པའི་ཉིནམ་དེ་འགོ་བཙུགས་ཞིནམ་ལས་ མི་མང་ལེ་ཤ་ཅིག་གིས་ གཞུང་ལུ་ཁ་ཉེས་ཀྱི་སྐྱོན་བརྗོད་འབད་མི་ ལེ་ཤ་ཐོན་མི་ལུ་གཞིར་བཞག་ཐོག་ སྲིད་ཚོགས་གཅིག་མིན་གཅིག་གིས་ རྐང་འགྲུལ་པའི་ཉིནམ་དེ་ གཞུང་སྐྱོང་ཚོགས་པ་སྨ་ཕབ་རྐྱབ་ནི་གི་ ལག་ཆ་སྦེ་ལག་ལེན་འཐབ་ནི་གི་ གོ་སྐབས་ལེན་པའི་འོས་འབབ་མཐོངམ་ཨིན་པས།

སྲིད་ཚོགས་གཞན་དང་གཞན་གྱིས་ གཞུང་སྐྱོང་ལུ་ལས་རིམ་དེ་གི་གནས་སྟངས་ལག་ལེན་ཐོག་ གོ་སྐབས་ལེན་ནི་གི་འཆར་གཞི་དང་སྲིད་བྱུས་ཚུ་ལུ་ བརྩོན་ཤུགས་བསྐྱེད་ནི་ཨིན་དོ་བཟུམ་སྦེ་ར་ གཞུང་གིས་ཡང་ རྐང་འགྲུལ་པའི་ཉིནམ་དེ་དང་འབྲེལ་བའི་ གནས་སྟངས་ལག་ལེན་ཐོག་ གཞུང་སྐྱོང་ཚོགས་པ་རང་གི་ ཆེ་བསྟོད་འབད་ནི་གི་ འཆར་གཞི་དང་སྲིད་བྱུས་ཚུ་ཡང་ཡོད་པའི་ གསལ་སྟོན་གྱི་ གནས་སྟངས་ཚུ་ ཤེས་གསལ་བྱུངམ་ཨིན་པས།


དེ་ཡང་ གཞུང་སྐྱོང་གི་འཐུས་མི་ལ་ལུ་གིས་ ཞལ་ལས་ཐོན་ག་དེ་སྦེ་སླབ་སྨོ་ཟེར་བ་ཅིན་ དེ་བཟུམ་མའི་ལས་རིམ་དེ་ སྤྱིར་བཏང་གི་དོན་ལུ་ གལ་ཅན་དང་ ཁེས་ཕན་ཅན་ཅིག་ཨིན་མི་དེ་ མི་མང་གིས་མ་དགའ་རུང་ སྲིད་འབྲེལ་གྱི་ཁེས་ཕན་བློས་བཏང་ཐོག་ལས་ ལག་ལེན་བསྟར་སྤྱོད་འབད་ཡོདཔ་ཨིན་པའི་ རྒྱུ་མཚན་ཚུ་བཀོདཔ་ཨིན་པས།


དེ་བཟུམ་མའི་རྒྱུ་མཚན་བཀོད་མི་གིས་ མི་མང་ལུ་སྲིད་ཚོགས་དེ་གིས་ རང་གི་ཁེས་ཕན་བློས་བཏང་ཐོག་ལས་ རྒྱལ་ཁབ་ལུ་ཤ་ཞེན་ཅན་གྱི་ སྲིད་ཚོགས་ཨིན་པའི་ རྒྱུ་མཚན་བཀོད་དེ་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ ཁ་གསལ་རྐྱབ་ནི་གི་ སྲིད་བྱུས་བཟུམ་སྦེ་ར་མཐོངམ་ཨིན་པས།


ག་དེ་སྦེ་ཨིན་རུང་ སྲིད་ཚོགས་ཚུ་གིས་ རང་ཕྱོགས་ཆེ་བསྟོད་དང་ གཞན་ཕྱོགས་ཀྱི་སྐྱོན་བརྗོད་ཐོག་ རྩོད་བསྡུར་རྒྱ་ཆེ་དྲགས་བྱུང་ནི་ཨིན་རུང་ ང་བཅས་མི་མང་ལུ་ གཙོ་བོ་ར་ སྲིད་ཚོགས་ག་འབད་རུང་ རྒྱལ་ཁབ་དང་མི་སེར་གྱི་དོན་ལུ་ ལྷག་བསམ་རྣམ་དག་ཡོད་མི་དེ་རང་ དང་འདོད་ཡོདཔ་ཨིན།


དེ་འབདཝ་ད་ ད་ཚུན་རྐང་འགྲུལ་པའི་ཉིནམ་དེ་ལུ་ སྐྱོན་བརྗོད་འབད་མི་ལེ་ཤ་ཐོན་རུང་ ཐབས་ཤེས་དང་ གནས་སྐབས་ཐབས་ལམ་གཞན་ཅིག་ བསམ་བཀོད་འབད་དེ་ ལས་རིམ་དེ་ག་ཅིའི་ཐད་ལས་ཡང་ ལེགས་ཤོམ་ཅིག་ལུ་བཟོ་ཐབས་འབད་མི་ ག་ཡང་མ་ཐོནམ་བཞིན་དུ་ ལས་རིམ་དེ་འགོ་འདྲེན་ཐོག་ བསྟར་སྤྱོད་འབད་མི་ གཞུང་གིས་འབད་རུང་ ལས་རིམ་དེ་དང་འབྲེལ་བའི་ གྲུབ་འབྲས་སྙན་ཞུ་ བསམ་པ་རྫོགས་ཏོག་ཏོ་ཅིག་ མི་མང་ལུ་གསལ་སྟོན་ འབད་འབདཝ་མེདཔ་ཨིན།


གནས་སྟངས་དེ་ལུ་གཞིར་བཞག་ཐོག་ སྒེར་ངོ་ཅིག་གི་མནོ་བསམ་ལུ་འབད་བ་ཅིན་ ག་ཅི་མནོ་ནི་མས་ག་ཟེར་བ་ཅིན་ སྲིད་འབྲེལ་གནས་སྟངས་ལུ་བརྟེན་ རྒྱལ་ཁབ་ལུ་ཕན་ཐོགས་ཅན་གྱི་ཐབས་བྱུས་ཡོད་རུང་ སྲིད་འབྲེལ་ཁེས་ཕན་མེད་པ་ཅིན་ ག་གིས་ཡང་ བསམ་བཀོད་ཐོག་ ལེགས་འགྱུར་འབད་ཐབས་ཀྱི་ དངས་བླངས་འབད་མི་ མེདཔ་བཟུམ་ཅིག་མཐོང་ནི་དང་ དེ་བཟུམ་མའི་ཐབས་བྱུས་གནས་སྐབས་ཚུ་ སྲིད་ཚོགས་གཞན་དང་གཞན་གྱིས་ ཤེས་པ་ཅིན་ཟེར་བའི་ཚ་འགྱང་གིས་ གསང་བཞག་སྟེ་ རང་གི་སྲིད་ཚོགས་ལུ་ཁེས་ཕན་གྱི་གནས་སྟངས་ཅིག་ མ་བྱུང་ཚུད་ཚོད་ ག་ལུ་ཡང་སླབ་སྟོན་དང་ བསམ་བཀོད་མི་འབད་ནི་བཟུམ་ཅིག་གི་ སྣང་འཆར་བྱུངམ་ཨིན་པས།


དེ་འབད་ནི་དེ་གིས་ སྲིད་འབྲེལ་དམངས་གཙོའི་རིང་ལུགས་ནང་ རྐང་འགྲུལ་པའི་ཉིནམ་དེ་ དཔེ་བཟུམ་ཅིག་སྦེ་ཞུཝ་ཨིན།

 གཞན་དང་གཞན་ཡང་ སྙན་ཞུ་དེ་བཟུམ་ཐོན་ཚད་ལུ་ སྲིད་ཚོགས་དང་ མཁས་དབང་ཚུ་གིས་ རང་གི་ཁེས་ཕན་གནས་སྟངས་དེ་གཙོ་རིམ་བཞག་སྟེ་ རྒྱལ་ཁབ་སྤྱི་ལུ་ཕན་པའི་གནས་སྐབས་ཐབས་ཤེས་ཚུ་ གསང་བཞག་ནི་གི་འོས་འབབ་སྦོམ་མཐོངམ་ཨིན་རུང་ མི་མང་གི་དོན་ལུ་འབད་བ་ཅིན་ མི་སེར་དང་རྒྱལ་ཁབ་ལུ་ ཤ་ཞེན་ཅན་དང་ ལྷག་བསམ་རྣམ་དག་གི་སྲིད་དོན་པ་ཚུ་ར་ གདམ་ཁ་འབད་ནི་དེ་ ག་ར་གི་བློ་འདོད་ཨིན་པ་ལུ་ ཐེ་འཚོམ་མེདཔ་ཨིན།


དེ་འབདཝ་ད་ ལྷག་བསམ་རྣམ་དག་ཨིན་མི་དང་ མེན་མི་ག་ར་གིས་ ཨིནམ་སྦེ་ སླབ་མི་ཙང་ཙ་ཐོནམ་ལས་ ལྷག་བསམ་རྣམ་དག་ཨིན་མི་ ག་དེ་ཨིན་ན་ སླབ་མ་ཚུགས་པའི་གནས་སྟངས་དེ་ སྤྱིར་གཏང་ག་ར་ལུ་བྱུངམ་ད་ གནས་སྟངས་དེ་ དམངས་གཙོའི་སྲིད་དོན་གྱི་ ལམ་ལུགས་དང་ བྲེལ་བ་མེད་པའི་ ཆོས་ཅན་ཅིག་ཨིན་པས།

དེ་འབདཝ་ལས་ དམངས་གཙོའི་རིང་ལུགས་ནང་ སྲིད་འབྲེལ་གྱི་རྩེད་ཁྱད་འགྲན་པའི་རྩེད་ཐང་ནང་ སྲིད་དོན་པ་ཚུ་གིས་ སྲིད་ཀྱི་མཁས་རྩེད་འགྲན་པའི་སྐབས་ རྩེད་ས་དེ་ ང་བཅས་མི་མང་སྤྱིར་བཏང་ ཚོགས་རྒྱན་བཙུགས་མི་ཚུ་ཁར་ཨིནམ་ལས་ བསམ་དཔྱད་ལེགས་ཤོམ་གནང་ཐོག་ལས་ དྲེན་ཤེས་བཏོན་དགོཔ་དེ་ གལ་ཆེ་བའི་གནས་སྟངས་ནང་ ལྷོད་ཡོདཔ་ཨིནམ་ ང་བཅས་ཀྱིས་ཤེས་དགོཔ་ འདུག་གོ། །།


No comments:

Post a Comment